༆ གཏེར་ཆེན་རྡོ་རྗེ་གླིང་པའི་ཆོས་ཚོགས།

TERCHEN DORJE LINGPA ASSOCIATION

གཏེར་ཆེན་རྡོ་རྗེ་གླིང་པའི་ཆོས་ཚོགས་ཟེར་མི་འདི་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་འབྲེལ་བའི་ཚོགས་པ་གཅིག་ཨིན། དེ་ཡང་ང་བཅས་རའི་སྟོན་པ་བཀའ་དྲིན་ཅན་སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་འཇིག་རྟེན་ཛམྦུ་གླིང་གི་ནང་གསེས་ལྷོ་ཨེ་ཤི་ཡཱའི་ལུང་ཕྱོགས་རྒྱ་གར་གྱི་རྒྱལ་ཁབ་ལུ་སྐུ་འཁྲུངས་ཏེ། འགྲོ་བ་སེམས་ཅན་ཚུ་རིགས་དྲུག་གི་སྡུག་བསྔལ་ལས་སྐྱབས་ནི་གྱི་དོན་ལས་དམ་པའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་སྦེ་གསུངས་ཡོདཔ་ཨིན། དང་པོ་ཝ་རཱ་ཎ་སཱི་ལུ་ཐེག་དམན་གྱི་ཆོས་དང་། གཉིས་པ་བྱ་རྒོད་ཕུང་པོའི་རི་ལུ་ཐེག་པ་ཆེན་པོའི་ཆོས། གསུམ་པ་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ལ་སོགས་པ་ཚུ་ལུ་གསང་སྔགས་རྡོ་རྗེའི་ཐེག་པའི་ཆོས་གསུངས་ནུག དེ་ལས་རིམ་གྱིས་སྦེ་སངས་རྒྱས་ཀྱི་འཁོར་སློབ་མ་དགྲ་བཅོམ་པ་དང་བྱང་ཆུབ་སེམས་དཔའ་གྲུབ་ཐོབ་ཚུ་གྱིས་འབད། སངས་རྒྱས་ཀྱི་ཆོས་ལུགས་འདི་རྒྱ་གར་རྒྱལ་ཁབ་ཡོངས་རྫོགས་ལུ་ཁྱབ་མ་ཚད། རྒྱལ་ཁབ་གཞན་རྒྱ་ནག་དང་བལ་ཡུལ་ཤྲཱི་ལངྐ་དང་བར་མ་ཐའེ་ལེཎྜ་ཉི་ཧོང་ཀཽ་རཱི་ཡ་ཝེཊ་ནཾ་ཚུ་ལུ་ཡང་དར་སྤེལ་གནང་ནུག

དེ་གྱི་ཤུལ་ལས་སངས་རྒྱས་ཀྱིས་ལུང་བསྟན་གནངམ་བཞིན་དུ་ཨཽ་ཌི་ཡཱ་ན་ལུ་སློབ་དཔོན་ཆེན་པོ་ཨོ་རྒྱན་པདྨ་སམྦྷ་ཝ་མཆོག་སྐུ་འཁྲུངས་ཏེ། ཧི་མཱ་ལ་ཡའི་རི་རྒྱུད་བལ་ཡུལ་དང་འབྲས་ལྗོངས་བོད་དང་། འབྲུག་གི་རྒྱལ་ཁབ་ཚུ་ནང་བྱོན་བཞིན་ལས་སངས་རྒྱས་ཀྱི་ཆོས་ལུགས་དར་སྤེལ་ལེ་ཤ་ར་གནང་ནུག དེ་གི་སྐབས་ལུ་དམ་པའི་ཆོས་ལ་ལུ་ཅིག་སློབ་མ་ཚུ་ལུ་སྤེལ་གནང་ནི་གྱི་དུས་སྐབས་མ་བྱུངམ་ལས་བརྟེན། མ་འོངས་སྙིགས་མའི་སེམས་ཅན་ཚུ་ལུ་ཕན་ཐོགས་ནིའི་ཐུགས་བཞེད་གནང་སྟེ། ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་གིས་དམ་པའི་ཆོས་དང་། ནོར་བུའི་རིགས། དམ་རྫས་ལ་སོགས་པ་ཚུ་སའི་འོག་དང་་། བྱག་ མཚོ་ གངས་རི་ ཚུ་ནང་གཏེར་ལུ་སྦས་གནང་གནངམ་ཨིན་མས། དེ་མ་ཚད་མ་འོངས་པ་ལུ་གཏེར་འདི་ཚུ་བཏོན་གནང་མིའི་སྐྱེས་བུ་དམ་པ་ལེ་ཤ་ཅིག་འབྱོན་ནི་གྱི་ལུང་བསྟན་ཡང་གནང་ནུག དེ་ལས་རིམ་བཞིན་དུ་ཨོ་རྒྱན་གུ་རུ་རིན་པོ་ཆེ་ཁོ་རའི་སྤྲུལ་པ་དང་སློབ་མ་གྲུབ་ཐོབ་ཚུ་གྱི་སྤྲུལ་པ་ལེ་ཤ་གཅིག་བྱོན་ཏེ། གཏེར་ལུ་སྦས་གནང་མིའི་གཏེར་ཁ་ཚུ་བཏོན་གནང་གནངམ་ཨིན། དེ་གྱི་གྲས་ལས་དུས་རབས་བཅུ་བཞི་པའི་ནང་ཨོ་རྒྱན་གུ་རུ་རིན་པོ་ཆེ་གྱི་སློབ་མ་རྗེ་འབངས་ཉེར་ལྔའི་ནང་ཚན་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་སྤྲུལ་པ་རྡོ་རྗེ་གླིང་པ་མཆོག་བོད་ལུ་སྐུ་འཁྲུངས་ནུག ཁོང་གིས་ཧེ་མའི་ལུང་བསྟན་དང་འཁྲིལ་ཏེ་ཨོ་རྒྱན་རིན་པོ་ཆེ་མཆོག་གིས་གཏེར་ལུ་སྦས་གནང་མི་ཚུ་བོད་དང་། འབྲས་ལྗོངས། འབྲུག་རྒྱལ་ཁབ་ཚུ་ལས། དམ་པའི་ཆོས་དང་། ནོར་བུའི་རིགས། བྱིན་རླབས་དམ་རྫས་ཚུ་གྱིས་གཙོས་པའི་གཏེར་ཁ་བརྒྱ་དང་རྩ་བརྒྱད་བཏོན་གནང་ཡོདཔ་ཨིན། དེ་ལས་བརྟེན་ཁོང་གི་མཚན་ཡང་གཏེར་ཆེན་རྡོ་རྗེ་གླིང་པ་ཟེར་ཡོངས་གྲགས་ཡར་སོང་ནུག

ཁོང་གིས་གཏེར་ལས་བཏོན་གནང་མིའི་གཏེར་ཆོས་དེ་ཚུ་ཡང་སངས་རྒྱས་ཀྱིས་གསུངས་མིའི་དམ་པའི་ཆོས་འཁོར་རིམ་པ་གསུམ་བཞུགས་མི་གྲས་ལས། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་གཙང་གཙང་ར་གཏེར་ལས་བཏོན་གནང་ཡོདཔ་ཨིན། གཏེར་ཆོས་དེ་ཚུ་ང་བཅས་ཀྱིས་ཉམས་སུ་ལེན་པ་ཅིན་ཚེ་གཅིག་ལུས་གཅིག་ལུ་ར་སངས་རྒྱས་ཀྱི་གོ་འཕང་འཐོབ་ནི་གྱི་ལམ་ཡོངས་སུ་རྫོགས་འབད་གསལ་ཏོག་ཏོག་འབད་གསུངས་ཏེ་ཡོདཔ་ཨིན། ཁོང་གིས་གཏེར་ལས་བཏོན་གནང་མིའི་ཆོས་ཚུ་ལུ་གཏེར་ཆེན་རྡོ་རྗེ་གླིང་པའི་གཏེར་ཆོས་ཟེར་ཞུཝ་མ་ཚད། གཏེར་ཆོས་ཉམས་སུ་ལེན་མིའི་བུ་སློབ་ཚུ་ལུ་ཡང་གཏེར་ཆེན་རྡོ་རྗེ་གླིང་པའི་ཆོས་བརྒྱུད་འཛིན་མི་ཟེར་ཞུཝ་ཨིན།

སྔོན་མ་སྦེ་བ་ཅིན་གཏེར་ཆེན་རྡོ་རྗེ་གླིང་པའི་གཏེར་ཆོས་དེ་ས་གནས་བོད་དང་། འབྲས་ལྗོངས། འབྲུག་གི་རྒྱལ་ཁབ་ཚུ་ནང་དར་ཁྱབ་ལེ་ཤ་བྱུང་ཡོདཔ་ཨིན་རུང་། ད་རེས་གཏེར་ཆེན་རྡོ་རྗེ་གླིང་པའི་གཏེར་ཆོས་དེ་འབྲུག་རྒྱལ་ཁབ་ནང་རྐྱངམ་ཅིག་ལས་ས་གནས་གཞན་ག་སྟེ་ལུ་ཡང་མེདཔ་ཨིན། གཏེར་ཆེན་ཁོ་ར་སྐུ་དངོས་འབད་བཞུགས་པའི་སྐབས་ལུ་གཏེར་ཆོས་དེ་ཚུ། འབྲུག་རྒྱལ་ཁབ་ཀྱི་ནུབ་དང་དབུས་ཕྱོགས་ལུ་དར་ཁྱབ་ལེ་ཤ་སྦེ་བྱུང་ཡོདཔ་ཨིན་རུང་། ད་རེས་ནངས་པ་ཁོང་གི་གཏེར་ཆོས་ཉམས་ལེན་གནང་མི་དེ་དགོན་པ་ཁག་དག་པ་ཅིག་ལས་བརྒལ་མེདཔ་ཨིན། དུས་མ་འོངས་པར་རིམ་གྱིས་འབད་ཉམས་ནིའི་ཉེན་ཁག་སྦོམ་སྦེ་ར་གྱུར་ཏེ་ཡོད།

གཏེར་ཆེན་རྡོ་རྗེ་གླིང་པའི་གཏེར་ཆོས་དེ་ ང་བཅས་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་ཆོས་བརྒྱུད་རྙིང་ཤོས་རྩ་ཆེན་གཅིག་དང་། རྒྱལ་རབས་ཀྱི་ལོ་རྒྱུས་དང་ལྡན་པའི་ཆོས་བརྒྱུད་གཅིག་ཡང་ཨིན། ད་རེས་གཏེར་ཆེན་རྡོ་རྗེ་གླིང་པའི་ཆོས་བརྒྱུད་ལུ་རྗེས་སུ་ཞུགས་མི་ང་བཅས་ཆ་མཉམ་གྱི་མོས་མཐུན་ཐོག་ལས་ གཏེར་ཆེན་མཆོག་གིས་ཆགས་བཏབ་གནང་མི་གདན་ས་དགོན་པ་ཁག་ལུ་འཛིན་སྐྱོང་དང་རྒྱབ་སྐྱོར། དེ་ལས་གཏེར་ཆོས་ཚུ་ཉམས་པ་སོར་ཆུད་དང་མི་ཉམས་ཡུན་དུ་གནས་ཐབས་ལུ་དམིགས་ཡུལ་གཙོ་བོར་བཟུང་སྟེ་སྦེ། གཏེར་ཆེན་རྡོ་རྗེ་གླིང་པའི་ཆོས་ཚོགས་ཟེར་མིའི་ ཚོགས་པ་འདི་སྤྱི་ལོ་ ༢༠༡༩ ལུ་འགོ་དང་པ་གཞི་བཙུགས་འབད་སྦེཝ་ཨིན། ཨིན་རུང་ང་བཅས་ཚོགས་པ་འདི་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་འབྲེལ་བའི་ཚོགས་པ་གཅིག་སྦེཝ་ལས། གཞན་སེམས་ཅན་ལུ་ཕན་བཏགས་ནི་དེ་ཡང་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ལྟ་བའི་གཙོ་བོ་གཅིག་ཨིན། དེ་སྦེཝ་ལས་ང་བཅས་ཚོགས་པ་གྱི་ཁ་ཐུག་ལས་དགོན་པ་ཁག་དང་དམ་པའི་ཆོས་རྐྱངམ་གཅིག་ལུ་ཞབས་ཏོག་ཞུ་ནི་གྱི་མ་ཚད་པར། མིའི་སྤྱི་ཚོགས་ལུ་ཡང་ཕན་ཐོགས་ནིའི་ལས་འཆར་ མི་སེར་ཉམ་ཆུང་ཚུ་ལུ་ཆོས་དང་ཟང་ཟིང་ག་ཅིའི་ཐད་ལས་འབད་རུང་ཞབས་ཏོག་འགྲུབ་ནི་དང་། ལྷག་པར་མ་འོངས་པའི་མི་རྒྱུད་སྐྱོང་མི་ན་གཞོན་ཨ་ལོ་ཚུ་ལུ་ནང་པ་སངས་རྒྱས་པའི་ཆོས་ལུགས་ལས་གསུངས་ཡོད་མི་ བཟང་པོའི་བསམ་པ་དང་ སྤྱོད་པ་གཉིས་ཀྱི་ཤེས་ཡོན་ཚུ་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ལས་སྤེལ་ནི་དང་། རྒྱུ་དངོས་ཀྱིས་སྒོ་ལས་ཡང་ཕན་བཏགས་ནི་ཚུ་ ང་བཅས་ཚོགས་པའི་ཁས་བླངས་དང་ལས་འགན་གཙོ་བོ་ཅིག་འབད་བཞགཔ་ཨིན། 

ང་བཅས་ཀྱི་ཚོགས་པ་འདི་ཡུན་བརྟན་དང་ ངོས་ལེན་རྒྱབ་སྐྱོར་ཐོབ་ནིའི་དོན་ལས་དཔལ་ལྡན་འབྲུག་གཞུང་ལུ་གནང་བ་ཞུཝ་བཞིན་དུ། ཆོས་སྡེ་ལྷན་ཚོགས་ཀྱི་ཁ་ཐུག་ལས་འབྲུག་གི་ཁྲིམས་ལུགས་དང་མཐུནམ་སྦེ་སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༡༡ སྤྱི་ཚེས་ ༡༧ ལུ་ངོས་སྦྱོར་ལག་ཁྱེར་གནང་སྟེ་འབྲུག་གཞུང་གིས་ཆ་འཇོག་གྲུབ་ལས། མི་དམང་གིས་ང་བཅས་ཀྱི་ཚོགས་པ་ལུ་ཡིད་ཆེས་རུང་བའི་ཚོགས་པ་གཅིག་ལུ་གྱུར་ཡོདཔ་ཨིན་ནོ།།

དམིགས་དོན།

གཏེར་ཆེན་རྡོ་རྗེ་གླིང་པ་མཆོག་གི་གདན་ས་དགོན་པ་ཁག་ལུ་བདག་སྐྱོང་དང་ གཏེར་ཆོས་ཚུ་ཉམས་མ་བཅུག་པར་ཡུན་དུ་གནས་ཐབས་ལུ་བརྩོན་ནི།

འཆར་སྣང་།

གཏེར་ཆེན་རྡོ་རྗེ་གླིང་པའི་ཆོས་རྒྱུན་དང་དགོན་སྡེ་ཁག་ཚུ་ མི་ཉམས་གོང་འཕེལ་ཡུན་དུ་གནས་ནི་འདི་ཨིན།

ཞབས་ཏོག

འགྲོ་བ་མིའི་སྤྱི་ཚོགས་ནང་གི་མི་སེར་ ཉམ་ཆུང་ཚུ་ལུ་ ཆོས་དང་ཟང་ཟིང་ག་ཅིའི་ཐད་ལས་འབད་རུང་གྲོགས་རམ་དང་ཞབས་ཏོག་འགྲུབ་ནི།

ན་གཞོན་ཨ་ལོ་ཚུ་ལུ་ནང་པ་སངས་རྒྱས་པའི་ཆོས་ལས་གསུངས་མི་ བཟང་པོའི་བསམ་སྤྱོད་གཉིས་ཀྱི་ཤེས་ཡོན་ཚུ་ ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ལས་སྤེལ་ནི་བཅས་ཨིན།

གཏེར་ཆེན་རྡོ་རྗེ་གླིང་པའི་ཆོས་ཚོགས༌ཀྱི་ཡིག་ཚང་།

གཏེར་ཆེན་རྡོ་རྗེ་གླིང་པའི་ཆོས་ཚོགས་འདི་ སྤྱིར་བཏང་ཆོས་ཚོགས་ཀྱི་འཐུས་མི་ རང་མོས་ཐོག་ལས་འཛུལ་ཞུགས་འབད་མི་གིས་ ཁས་ལེན་གྲུབ་པའི་འཐུས་དང་ དད་མོས་སྦྱིན་བདག་ལས་འབྱོར་བའི་ཞལ་འདེབས་དང་ ཁྲིམས་མཐུན་འོང་འབབ་གཞན་ལས་བརྟེན་པའི་མ་དངུལ་ཐོག་ལུ་ ཡུན་བརྟན་གྱི་གནས་ལུགས་གཞི་གཏད་འབད་ཡོད། ཆོས་ཚོགས་ཀྱི་འཛིན་སྐྱོང་གི་དོན་ལུ་ བཀོད་ཁྱབ་མདོ་ཆེན་གཅིག་དང་ རྩིས་འཛིན་ལས་རོགས་དུས་རྒྱུན་ལཱ་འབད་མི་གཅིག་གཡོག་བསྐོས་འབད་དེ་འཛིན་སྐྱོང་འབདཝ་ཨིན། ཆོས་ཚོགས་ཀྱི་སྲིད་བྱུས་ཚུ་ འབྲུག་གི་ཁྲིམས་དང་སྲིད་བྱུས་དང་འཁྲིལ་ ལས་སྣ་དང་ལས་འཆར་ སྒྲིག་གཞི་དང་བཀོད་རིས་ཚུ་ སྲིད་བྱུས་ཚུ་བཟོ་ནི་དང་ ཆ་འཇོག་འགྲུབ་ནི་ དེ་ལས་ གཞན་དམིགས་བསལ་གྱི་དབང་ཚད་ལག་ལེན་འཐབ་ནིའི་དོན་ལུ་ ཆོས་ཚོགས་ཀྱིས་ བཀོད་ཚོགས་གཅིག་གཞི་བཙུགས་འབད་དེ་ཡོདཔ་ཨིན།